སྐད་ཡིག་ཅིག་གི་དར་རྒུད་ནི་ཐད་ཀར་མི་རིགས་དེའི་དར་རྒུད་དང་འབྲེལ་བ་དམ་པོ་ཡོད།
མི་རིགས་ཤིག་གི་དར་རྒུད་ནི་ཐད་ཀར་དེའི་ཕ་མེས་ཡང་མེས་རིང་གི་སྐད་དང་ཡི་གེའི་དར་རྒུད་ལ་འབྲེལ་བ་དམ་ཟབ་ཅིག་ཡོད་དེ། གསལ་བོ་ཞིག་བཤད་ན་སྐད་
དང་ཡི་གེའི་འཕེལ་རྒྱས་དང་ཉམས་རྒུད་ནི་ཐད་ཀར་སྐད་ཡིག་དེ་བེད་སྤྱོད་བྱེད་པའི་
མི་རིགས་དེའེ་ཕྱོགས་ཡོངས་ཀྱི་དར་རྒུད་དང་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་ཡིན་
ནོ།། ག་རེ་ཟེར་ན། གནའ་དེང་རྒྱལ་ཁབ་གང་གི་མཁས་པ་སུ་ཡིན་རུང་ཚང་མར་གཅིག་མཐུན་གྱི་སྡོམ་ཚིག་ཅིག་བྱུང་བ་སྟེ་སྐད་དང་ཡི་གེ་གཉིས་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་ཞེས་པ་དེའོ།།
འོ་ན་གནས་ལུགས་འདི་ཡིས་ང་ཚོར་གནད་དོན་ཅིག་ར་སྤྲོད་བྱས་པ་ནི་གལ་ཏེ་
སྐད་དང་ཡི་གེ་གང་ཅིའི་ཐད་ནས་ཆ་ཚང་དུ་གྲུབ་ཡོད་པའི་ཚོགས་སྤྱི་ཞིག་་འཐོར་ཞིག་
གམ་རྩ་བ་ནས་མེད་བརླག་ཏུ་གཏོང་དགོས་ཚེ་ཐོག་མར་དེའི་སྐད་ཡིག་བེད་སྤྱོད་བྱེད་
པར་བཀག་འགོག་གམ་ཚོད་འཛིན་བྱས་ན་ག་ལེ་ག་ལེར་རིགས་དེའི་མི་ཡོད་ཀྱང་མི་ཁོག་
སྟོང་བར་འགྱུར་སྟབས་ཁོ་བོ་དཔོན་བློན་སུའམ་སྲིད་གཞུང་གང་དེས་བཙན་གནོན་དང་
བསླུ་བྲིད་མི་དགོས་པར་མི་རིགས་ཤིག་རང་བཞིན་གྱིས་འཐོར་ཞིག་གམ་རྩ་མེད་དུ་
འགྲོ་བ་ནི་བྱ་བའི་འཕེལ་འགྲུབ་རང་བཞིན་གྱི་ཆོས་ཉིད་ཅིག་རེད།
ཡང་འདི་ལས་ལྡོག་དེ་ཅིག་བཤད་ན་གསུབ་ཏུ་མེད་པའི་ལོ་རྒྱུས་ཀྱིས་ཀྱང་བདེན་དཔང་ཐུབ་པ་ནི། གནའ་
སྔ་མོའམ་དེང་དུས་གང་ཡིན་རུང་སྐད་དང་ཡི་གེ་གཞིར་བྱས་ཤིང་སློབ་གསོ་གཙོ་གནད་
དུ་འཛིན་པའི་ཕྱོགས་ཡོངས་ནས་དར་ཞིང་རྒྱས་ལ་རང་ཚུགས་ཅན་དུ་ཆགས་པའི་རྒྱལ་ཁབ་
བམ་སྤྱི་ཚོགས་གང་དག་ད་རུང་འཇིག་རྟེན་འདིར་གཞན་པའི་སྟོབས་འབྱོར་ཅན་གྱི་མི་
རིགས་སམ་རྒྱལ་ཁབ་རྣམས་དང་འདྲ་བར་ཡུན་ནས་ཡུན་དུ་འཚོ་གནས་ཐུབ་པའི་ཆེད་དུ་ཆེས་
ཐོག་མའི་གནད་དོན་ཉག་གཅིག་ཐག་གཅོད་བཞིན་པ་ནི་རིགས་དེའི་ཕ་མེས་ཡང་མེས་རིང་གི་
སྐད་དང་ཡི་གེའི་བཀོལ་སྤྱོད་དམ་སློབ་གསོའི་ལས་ཀའི་ཐད་ལ་སྤྱི་ནས་རྒྱལ་ཁབ་བམ་
ས་གནས་སོ་སོའི་སྲིད་གཞུང་གིས་བཀག་འགོག་གམ་ཚོད་འཛིན་མེད་ཅིང་ནང་ནས་མི་རིགས་
རང་གི་སྐད་ཡིག་དང་ལོ་རྒྱུས་སོགས་ལ་རྨོངས་པའི་མྱི་རྒན་གཞོན་སུ་ཡིན་ཡང་ནོར་
འཁྲུལ་ཅན་གྱི་ལྟ་བ་ངན་པ་མཆོག་འཛིན་མི་བྱེད་པ་མ་ཟད་སྔར་ལས་ཀྱང་ཇེ་ལེགས་ཇེ་
རྒྱས་སུ་འགྲོ་བར་མི་བུ་སྒེར་གཞུང་གང་ཅིའི་ཐད་ནས་མཐུན་རྐྱེན་ཡང་དག་ཅིག་
སྒྲུབ་ཅི་ཐུབ་གང་ཐུབ་བྱེད་བཞིན་པ་འུ་ཅག་སུས་བལྟས་ཀྱང་ཁྱིམ་མཚེས་མི་རིགས་
འདྲ་མིན་བར་ཕན་ཚུན་ཕྱི་གསལ་ནང་གསལ་རེད།
གལ་
སྲིད་མི་རིགས་ཤིག་གི་ཕ་མེས་ཡང་མེས་རིང་གི་སྐད་དང་ཡི་གེའི་བཀོལ་སྤྱོད་དང་
འཕེལ་རྒྱས་ཐད་དུ་རྒྱལ་ཁབ་བམ་ས་གནས་དེའི་སྲིད་གཞུང་གིས་བཀག་འགོག་དང་ཚོད་
འཛིན་བྱེད་འོང་ན་དེ་ཚོས་ཡང་སྙིང་ ཅི་ཞིག་བསམ་བཞིན་ཡོད། ཁོ་ཚོས་མཐར་ཐུག་གི་དམིགས་ཡུལ་ཡང་ཅི་ཞིག་ཡིན། དེ་ནི་ངོ་མ་གཉའ་གནོན་རེད། མཐའ་གཅིག་ཏུ་སྐད་ཡིག་དེ་བེད་སྤྱོད་པའི་མི་རིགས་གང་དེ་བརླག་འདོད་པ་རེད། གལ་
སྲིད་ངོ་མ་དོན་རྐྱེན་འདི་འདྲ་བུད་ན་འགྲོ་བ་མིའི་རིགས་ལ་ཐུན་མོང་དུ་ཡོད་པའི་
མི་ལུས་འདྲ་མཉམ་རིང་ལུགས་ཀྱི་ཐོབ་ཐང་དང་རང་དབང་ཟེར་བ་དེ་དངོས་སུ་བཙན་འཕྲོག་
བྱས་པ་རེད།
གལ་སྲིད་ཡང་འདི་ལས་ལྡོག་སྟེ་
མི་རིགས་ཤིག་གི་སྐད་དང་ཡི་གེའི་བཀོལ་སྤྱོད་དམ་སློབ་གསོའི་ལས་ཀ་གོང་འཕེལ་དུ་
གཏོང་བར་རྒྱལ་ཁབ་བམ་ས་གནས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་རོགས་རམ་
བྱས་ན་དེ་ནི་དངོས་གནས་མིའི་རིགས་སྤྱི་ལ་ཡོད་པའི་སྐད་ཡིག་བཀོལ་སྤྱོད་ཀྱི་
ཐོབ་ཐང་དང་རང་དབང་ཟེར་བ་དེ་ཆུང་ཆུང་ཞིག་(མི་རིགས་རང་སྐྱོང་ས་ཁུལ་ལ་མི་རིགས་རང་གི་སྐད་ཡིག་གིས་བེད་སྤྱོད་བྱེད་དགོས་ཟེར་ཡང་དེ་འདྲ་མིན་པ་ཚང་མར་གསལ།)སྤྲད་པ་ཡིན་ནམ་སྙམ། དཔེར་ན་ད་ལྟའི་འུ་ཚོའི་སྤྱི་ཚོགས་སུ་སྤྱོད་བཞིན་པའི་རྣམ་པ་འདི་ལྟ་བུ་ཡིན།
འོ་ན་སྐད་དང་ཡི་གེ་གང་
ཅིའི་ཐད་ནས་འཐུས་ཚང་དུ་ཡོད་པའི་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་སྐད་ཡིག་
བཀོལ་སྤྱོད་ཐད་ལ་སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཐོབ་ཐང་ངོ་མ་དེ་ཡོད་པའམ་རང་
དབང་རྣལ་མ་དེ་ཡོད་པ་ནི་ཅི་འདྲ་ཞིག་ཡིན་ནམ་ཟེར་ན། དེ་ནི་མི་རིགས་ཤིག་འདུས་སྡོད་བྱེད་པའི་ས་ཁོངས་ཐམས་ཅད་ཀྱི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཚང་མ་དང་དེའི་ས་གནས་སྲིད་གཞུང་ཡོད་དོ་ཅོག་གི་གོང་འོག་ཡིག་ཆ་སོགས་སུ་མཐའ་གཅིག་ཏུ་མི་རིགས་རང་གི་སྐད་དང་ཡི་གེ་ཁོ་ན་བེད་སྤྱོད་ཀྱིས་མི་རིགས་དེའི་མི་དམངས་ཡོངས་ལ་ཞབས་འདེགས་སྒྲུབ་པའི་སྲིད་ལུགས་སྐྱོང་སྟངས་དེ་འདྲ་ཞིག་ལ་ཟེར་རོ།། བློ་བཟང་ཉི་མས།